分享到: 更多>>

བཀྲ་ཤིས་ཁྲི་གླིང་གི་མེ་བྱ་ལོའི་རྒྱུགས་སྤྲད་གཟེངས་རྟགས་མཛད་སྒོ།༢༽

2017-10-24

 

  རབ་གནས་མེ་བྱ་ལོའི་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་རྒྱུགས་སྤྲད་གཟེངས་རྟགས་ཐེངས་གཉིས་པ་ནི། སྟོན་ཟླ་འབྲིང་པོའི་ཚེས་༡༢་ཉིན་བླ་རྒྱུད་ལྷ་ཁང་དུ་སྤེལ། དེ་ཡང་བླ་མ་རིན་པོ་ཆེ་ཤེས་རབ་བཟང་པོ་མཆོག་དང་མཁན་པོ་རྣམ་པས་དབུ་འཛིན་མཛད་དེ། སློབ་གྲྭའི་སློབ་མ་རྣམས་ཀྱི་ལོ་སྔ་མའི་རྒྱུགས་འབྲས་ཨང་རབ་འབྲིང་ཐ་གསུམ་ལ་གཟེངས་རྟགས་གནང་བ་དང་འབྲེལ། དགེ་བསྙེན་ཆོས་སྡེ་དང་སྨན་ཁང་གི་ལས་འགན་པ་རྣམས་དང་སློབ་གྲྭའི་དགེ་རྒན་བཅས་ལ་གཟི་བརྗིད་དཔང་ཡིག་དང་བྱ་དགའ་གནང་བར་མ་ཟད། ལས་ཁུངས་སོ་སོའི་འགན་འཛིན་མི་སྣ་མི་ཉུང་བ་ཞིག་གསར་དུ་བསྐོ་བཞག་མཛད། ཉིན་མོ་འདི་ནི་ངེད་ཅག་གི་ལོ་རྙིང་པའི་གྲུབ་འབྲས་འགྲེམས་སྟོན་གྱི་དུས་ཚེས་བཟང་པོ་ཞིག་རེད་ལ། ལོ་གསར་པའི་རེ་བ་དང་སྨོན་འདུན་གྱི་མགོ་བརྩམ་ས་ཡང་རེད་དོ། །

 

 

  སྤྱིར་བཏང་ད་སྔོན་ཡན་ཆོད་ཀྱང་འཛིན་གྲྭ་འགའ་རེ་བགོས་ནས་མཁན་པོ་རྣམ་པས་ཆོས་ཁྲིད་རྒྱུན་ཆད་མེད་པ་གསུངས་བསྡད་པ་རེད་དེ། བཀྲ་ཤིས་ཁྲི་གླིང་འདི་མགོ་ཐོག་མ་བཞག་པའི་སྟབས་ཀྱིས་ལས་ཀ་གཞན་དང་གཞན་ཡང་མང་པོ་རེད། དེའི་ཕྱིར་ན་དཔེ་ཆ་སློབ་སྦྱོང་ཡང་དག་པ་ཞིག་བྱེད་ཐུབ་ཡོད་མེད་དེ་འདྲ་རེད། ཡིན་ནའང་། སང་ཕོད་ལ་བསམ་བློ་བཏང་ན་འཛིན་གྲྭ་རྣམ་པ་ལྔ་ཙམ་ཞིག་བགོས་ནས་གཙོ་བོ་ཐོས་བསམ་སྒོམ་ལ་འབད་པ་བྱས་ན་དཔེ་མེད་དགེ་མཚན་ཆེན་པོ་རེད། དཔེར་ན་རིག་གནས་འཛིན་གྲྭ་གཅིག  བློ་སྦྱོང་འཛིན་གྲྭ་གཅིག  དེ་ནས་འདུལ་བའི་འཛིན་གྲྭ་དེ་ན་ནིང་ཡོད་རེད་དེ་ད་ལོ་ཡོད་མ་རེད་ཟེར།  ཡིན་ནའང་། འདུལ་བ་དེ་དཔེ་མེད་གལ་ཆེན་པོ་རེད།  ད་སྔོན་སྡོམ་པ་ཞུས་ཡོད་མི་ཆ་ཁ་ལའང་གལ་ཆེན་པོ་རེད་ལ། ཡང་དགོས་ཁྱད་པར་ཅན་མ་འོངས་པར་སྡོམ་པར་ཞུ་བར་འགྱུར་བའི་གྲྭ་ཕྲུག་ཆ་ཁ་ལ་དེ་ལས་ཀྱང་གལ་ཆེན་པོ་རེད། སྡོམ་པ་ཞིག་བླངས་ནས་བསྲུང་བྱ་ཡང་དག་པ་ཞིག་མ་ཤེས་ན། ཤན་པའི་ལག་ཏུ་རལ་གྲི་བཞག་པ་ལྟ་བུ་ཡིན་གསུངས་ཡོད་པ་རེད། དེའི་ཕྱིར་ན་འདུལ་བའི་འཛིན་གྲྭ་གཅིག་འཛུགས་རྒྱུ་དང་། དེ་ནས་ཚད་མའི་འཛིན་གྲྭ་གཅིག དབུ་མའི་འཛིན་གྲྭ་གཅིག་སྟེ་ཐོག་མར་འཛིན་གྲྭ་ལྔ་ཙམ་ཞིག་བགོས་ན། རིམ་པ་བཞིན་དུ་ཡང་ཤེར་ཕྱིན་དང་མངོན་པ་ལྟ་བུ་ལ་ཡར་ཡར་སྤར་ཆོག་པ་རེད། ད་ཚིག་གི་ཐོག་ནས་ཤེར་ཕྱིན་དེ་དབུ་མ་ལས་དཀའ་རྒྱུ་འདྲ་བྱེད་འདུག་པ་རེད་མ་གཏོགས་དོན་ལ་དབུ་མ་དང་ཕལ་ཆེར་འདྲ་འདྲ་རེད། དེ་ནས་མངོན་པ་ཡང་ཚིག་གི་སྟེང་ནས་ཅུང་ཟད་དཀའ་སེ་དཀའ་སེ་འདྲ་རེད་དེ། དོན་གྱི་སྟེང་དུ་དབུ་མ་དང་ཤེར་ཕྱིན་ལྟ་བུ་ཞིག་ཀྱང་དཀའ་མ་རེད། འཛིན་གྲྭའི་མཁན་པོ་ལ་བསམ་བློ་བཏང་ན། འདི་ན་བཞུགས་མིའི་མཁན་པོ་ཐམས་ཅད་དང་བཤད་མ་དགོས་པ་རེད། ཆོས་ཁྲིད་ཀྱི་གཙོ་འགན་བཞེས་དགོས་པ་རེད། བརྒྱ་ལ་ད་རུང་མཁན་པོས་མ་འདང་བྱུང་ནའང་། ཐམས་གོང་དུ་བཤད་པ་བཞིན་བླ་རུང་ཆོས་སྡེ་ཆེན་མོ་ལ་སོགས་ནས་ངེད་ཅག་གིས་མཁན་པོ་གདན་དགོས་ནའང་སླ་མོ་རེད།

 

  ཅེས་མེ་བྱ་ལོའི་སྟོན་ཟླ་འབྲིང་པོའི་ཚེས་༡༢ཉིན་ལས་འགན་གསར་རྙིང་བརྗེ་བསྐོ་དང་སློབ་གཉེར་ཕུལ་བྱུང་རྣམས་ལ་གཟེངས་རྟགས་གནང་དུས་སུ་༧བླ་མ་རིན་པོ་ཆེ་ཤེས་རབ་བཟང་པོས་གསུངས་སོ། །

 

 

 

 

 

 

 

 

 

 

 

 

 

 

 

 

 

  དབེན་གནས་བཀྲ་ཤིས་ཁྲི་གླིང་གི་བོད་ཡིག་ཚོགས་ཆུང་ནས།

  

༄༅། །ན་ཆུང་རྣམས་ལ་ཉེ་བར་མཁོ་བའི་གླུ་ཡིག ༼༡༤རྫོགས་སོ། །༽

2017-10-23

༄༅། །ན་ཆུང་རྣམས་ལ་ཉེ་བར་མཁོ་བའི་གླུ་ཡིག ༼༡༤༽

༈ སྟེང་དགའ་ལྡན་ཡིད་དགའ་ཆོས་འཛིན་ན། །

མགོན་བཟང་པོ་རྒྱལ་ཚབ་བྱམས་མགོན་བཞུགས། །

འཁོར་བཟང་པོ་སེམས་དཔའ་སེམས་མས་བསྐོར། །

གནས་དེ་ཚོ་སྐྱིད་ས་སྐྱིད་ཡུལ་རེད། །

རོགས་ངེད་གཉིས་སྐྱེ་འུ་སྨོན་ལམ་འདེབས། །

 

བྱང་ཤམ་བྷ་ལ་ཡི་གྲོང་ཁྱེར་ན། །

མགོན་བཟང་པོ་རིགས་ལྡན་དཔའ་བོ་བཞུགས། །

འཁོར་བཟང་པོ་སེམས་དཔའ་སེམས་མས་བསྐོར། །

གནས་དེ་ཚོ་སྐྱིད་ས་སྐྱིད་ཡུལ་རེད། །

རོགས་ངེད་གཉིས་སྐྱེ་འུ་སྨོན་ལམ་འདེབས། །

 

ནུབ་བདེ་བ་ཅན་གྱི་ཞིང་ཁམས་ན། །

མགོན་བཟང་པོ་འོད་མཚན་སྟོང་འབར་བཞུགས། །

འཁོར་བཟང་པོ་སེམས་དཔའ་སེམས་མས་བསྐོར། །

གནས་དེ་ཚོ་སྐྱིད་ས་སྐྱིད་ཡུལ་རེད། །

རོགས་ངེད་གཉིས་སྐྱེ་འུ་སྨོན་ལམ་འདེབས། །

 

  ཞེས་རབ་རྒྱལ་ཤིང་འབྲུག་ཟླ་༧ཚེས་༢༨ལ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྙིང་གྲོགས་སྣང་བྱེད་མཉེས་པའི་མཆོད་སྤྲིན་དུ་དམིགས་ནས་བྲིས་པ་དགེ་ལེགས་འཕེལ།། །།

 

  མུ་འགོད་རྫོགས་སོ། །

 

  ཞེས་པ་ནི་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་གསུང་ན་ཆུང་རྣམས་ལ་ཉེ་བར་མཁོ་བའི་གླུ་ཡིག་གདམས་ངག་སྙིང་པོའི་མཛོད་ཁང་ཞེས་བྱ་བ་ལས་ཁོལ་དུ་ཕྱུང་ནས་སྤེལ་བའོ། །

 

  དབེན་གནས་བཀྲ་ཤིས་ཁྲི་གླིང་གི་བོད་ཡིག་ཚོགས་ཆུང་ནས།

  

དེ་རིང་༸ ཀུན་མཁྱེན་འཇིགས་མེད་གླིང་པའི་འདས་མཆོད་ཡིན། 吉美林巴尊者略传

2017-10-22

 

  པཎ་ཆེན་བི་མ་ལ་དང་ཆོས་རྒྱལ་ཁྲི་སྲོང་རྒྱལ་སྲས་ལྷ་རྗེ་རྣམས་ཟུང་དུ་འཇུག་པའི་རྣམ་འཕྲུལ་རིག་འཛིན་ཆོས་རྗེ་གླིང་པའི་སྐུའི་སྐྱེ་བ་དེ་མ་ཐག་པ་ཀུན་མཁྱེན་འཇིགས་མེད་གླིང་པ་ནི།

 

  གུ་རུ་ཆོས་དབང་། སངས་རྒྱས་གླིང་པ། ཆོས་གླིང་དང་རྭ་སྟོན་ཡབ་སྲས་སོགས་ཀྱི་གཏེར་ལུང་ལས་གསལ་བ་ལྟར། འཕྱོང་རྒྱས་སྲོང་བཙན་བང་སོ་དམར་པོའི་ལྷོ་ཕྱོགས་དཔལ་རི་དགོན་པའི་ཉེ་འདབས་སུ་ཆོས་རྗེ་འབྲུག་པའི་ཐུགས་སྲས་ཆེ་བ་དྲུག་གི་ནང་ཚན་རྒྱ་བྲག་པའི་དབོན་རིགས་སུ་རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་ལོ་༼ཕྱི་ལོ་༡༧༢༩༽རྒྱལ་ཟླ་བའི་ཀུན་མཁྱེན་ཆེན་པོའི་སྐུ་མཆོད་ཀྱི་ཉིན་སྔ་དྲོའི་ཆར་སྐུ་འཁྲུངས། མཚོ་རྒྱལ་སྤྲུལ་སྐུ་ངག་བློ་བཟང་པདྨར་གཙུག་ཕུད་ཕུལ་བས་མཚན་པདྨ་མཁྱེན་བརྩེའི་འོད་ཟེར་ཞེས་གསོལ།

 

  ཕྱིས་གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་དྲུང་ནས་དགེ་ཚུལ་སྡོམ་པའང་བཞེས། ཁྱད་པར་དགུང་ལོ་བཅུ་གསུམ་པར་རིག་འཛིན་ཐུགས་མཆོག་རྡོ་རྗེ་མཇལ་ནས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མཐོང་གྲོལ་སོགས་གསན། ཡེ་ཤེས་སྐུས་ཀྱང་རྗེས་སུ་བཟུང་།

 

  གཞན་ཡང་སྔ་ཕྱིར་གཏེར་དྲི་མེད་གླིང་པ། ཞང་སྒོམ་དྷརྨ་ཀརྟི། སྨིན་གླིང་གྲུབ་དབང་ཤྲཱི་ནཱ་ཐ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། ཐང་འབྲོག་དབོན་པདྨ་མཆོག་གྲུབ། མོན་རྫ་དཀར་བླ་མ་དར་རྒྱས་སོགས་ཡོངས་འཛིན་དུ་མ་ལས་སྔ་འགྱུར་བཀའ་མ་དང་གཏེར་ཁ་གོང་འོག  བླ་མ་དགོངས་པ་འདུས་པའི་བསྙེན་སྒྲུབ་སྐབས་སྤྱི་གཙུག་ནས་རྟ་སྐད་ཀྱི་གདངས་འཚེར་ཅིང་། ཨོ་རྒྱན་ཆེན་པོས་དཔལ་པདྨ་དབང་ཆེན་ཞེས་མཚན་གྱི་ཅོད་པཎ་དཔྱངས།

 

  ཀུན་མཁྱེན་ཆེན་པོའི་བྱིན་རླབས་ལ་བརྟེན་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་བའི་བསྟན་པ་ཡོངས་རྫོགས་ཀྱི་ལམ་རིམ་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་སོགས་ཕུལ་དུ་བྱུང་བའི་གསུང་འབུམ་གླེགས་བམ་དགུར་ལོངས་པ་བཞུགས།

 

  གསུང་ལས་སྐྱེས་པའི་སློབ་མ་ས་སྐྱའི་ཁྲི་ཆེན་ངག་དབང་དཔལ་ལྡན་ཆོས་སྐྱོང་སྐུ་མཆེད་འབྲི་གུང་པའི་སྤྲུལ་སྐུ་རྣམ་གཉིས། རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་སྐུ། ལྷོ་བྲག་གསུང་སྤྲུལ་དང་ཐུགས་སྲས། བོ་དོང་བའི་བསྟན་འཛིན་སྦྱོར་ར་སྤྲུལ་སྐུ། རི་བོ་དགའ་ལྡན་པའི་རིང་ལུགས་འཛིན་པ་དགའ་ལྡན་ཤར་བྱང་རྣམ་གཉིས་དང་མོན་མཚོ་སྣ་དགོན་རྩེ་སྤྲུལ་སྐུ་སོགས་གྲངས་ཀྱིས་མི་ལངས།

 

  དགུང་ལོ་བདུན་ཅུར་སོན་པ་རབ་བྱུང་བཅུ་གསུམ་པའི་ས་རྟ་༼ཕྱི་ལོ༡༧༩༨༽དབྱུག་པ་ཟླ་བའི་ཚེས་གསུམ་ལ་རང་གནས་ཚེ་རིང་ལྗོངས་ཀྱི་ཡང་དབེན་རྣམ་གྲོལ་ཡང་རྩེ་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོ་རྟགས་ཆོ་འཕྲུལ་མངོན་པར་འདུ་མཛད་དེ་གཤེགས་སོ། །

 

 

  དབེན་གནས་བཀྲ་ཤིས་ཁྲི་གླིང་གི་བོད་ཡིག་ཚོགས་ཆུང་ནས།

  

ལོ་འདིར་ཀུན་གྱིས་ཡིག་བརྒྱ་ཤེས་པར་བྱེད་དགོས། 请在今年学会念诵百字明

2017-10-21

 

ལོ་འདིར་ཀུན་གྱིས་ཡིག་བརྒྱ་ཤེས་པར་བྱེད་དགོས།

 

  ཁ་རྩང་སྔོན་མ་བཀྲ་ཤིས་ཁྲི་གླིང་གི་བདེ་ཆེན་ཞིང་སྒྲུབ་འཚོགས་པའི་སྐབས་སུ་ང་རང་ཡང་དངོས་སུ་ཐོན་ན་བསམ་པ་ཡིན་ཀྱང་ཐོན་ཐུབ་མ་སོང་། དེས་མི་ཚད་ད་རུང་ཡང་སྤྱིར་བཏང་ད་ལོའི་ལོ་འདིར་ང་རང་བོད་ཀྱི་ཡུལ་གྲུ་ཐམས་ཅད་ནས་ཤོག་ཟེར་ཚད་པོ་ས་ལ་ཅིག་སོང་ནས་དགེ་སྐུལ་ཨང་དང་པོ་འདྲ་ཞིག་བསྒྲུབ་དགོས་བསམས་པ་ཡིན་ཀྱང་། བླ་རྒན་གནས་གཞན་ལ་འགྲོ་ཐུབ་མ་དགོས། འདི་ན་འདུག་ནས་ཁྱེད་ཆ་ཁ་ལ་ཁ་བརྡ་ཡག་པོ་ཀྱང་བཤད་མི་ཐུབ་རྒྱུ་ཞིག་རེད་སོང་བ་རེད། ཡིན་ནའང་ཞིང་སྒྲུབ་ཀྱི་སྐབས་སུ་ངས་མཁན་པོ་རྣམ་པ་ལ་ཁྱེད་ཆ་ཁས་ད་ལོ་དགེ་སྐུལ་ཐུ་མོ་ཞིག་གྱིས་ཤོག་ཞུས་ནས་སྐད་བཏང་བ་ཡིན། ཞིང་སྒྲུབ་མཇུག་གྲིལ་དུས་མཁན་པོ་སྟོབས་རྒྱལ་གྱིས་ཡིག་བརྒྱ་དུང་ཕྱུར་གསུམ་ལྷག་གི་དགེ་སྐུལ་འགྲུབ་སོང་གསུངས་ནས་ང་སར་ཐོན་བྱུང་། དེའི་སྐབས་སུ་ངས་བརྫས་པ་ཡིན། རང་ཁེར་མས་དུང་ཕྱུར་གསུམ་འདོན་དགོས་ན་དཀའ་རྒྱུ་རེད་མ་གཏོགས། དགེ་སྐུལ་བྱས་ནས་དུང་གསུམ་མ་གཏོགས་མ་འགྲུབ་དུས་ཁྱེད་ཆ་ཁས་དགེ་སྐུལ་ཞིག་གཏན་ནས་འགྲུབ་མི་འགི་ཞུས་པ་ཡིན།

 

 

  དེ་ཡིན་དུས་གནངས་ཉིན༼མེ་བྱ་ལོའི་སྟོན་ཟླ་འབྲིང་པོའི་ཚེས་གསུམ། མཆན།༽་ལ་ཡིག་བརྒྱ་དགེ་སྐུལ་བྱ་བརྩིས་ཡིན། ཁ་རྩང་སྔོན་མ་དགེ་སྐུལ་ཡག་པོ་མ་འགྲུབ་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། ཁྱེད་ཆ་ཁའི་ནང་ལ་ཡིག་བརྒྱ་མི་ཤེས་མི་མང་འདུག་ཟེར། མ་ཤེས་ན་ཁྱེད་ཆ་ཁས་སྦྱོངས་ཤོག་དང་། ཆུང་ཆུང་ཆ་ཁ་མ་དགོས་རྒན་པོ་ལོ་བརྒྱད་བཅུ་ཅན་ཆ་ཁས་ཀྱང་ཡིག་བརྒྱ་བློ་ལ་འགྲོ་ངེས་ཅན་རེད། ད་ལོའི་གནས་སྐབས་སུ་ད་སྐབས་འདི་ན་ཆོས་རའི་ནང་དུ་ཐོན་ཡོད་བདག་ཐམས་ཅད་དང་། ཐོན་མེད་ཀྱང་བཀྲ་ཤིས་ཁྲི་གླིང་གི་ཉེ་འཁོར་ན་ཡོད་པའི་སྐྱེ་བོ་སུ་དང་སུ་ཡིན་ཀྱང་། ད་ལོའི་ལོ་ལ་ཡིག་བརྒྱ་མི་ཤེས་མི་མེད་པར་བྱེད་ཐུབ་དགོས་ལེ་ཡིན། དེ་ཡང་གནངས་ཉིན་ཁྱེད་ཅག་ལ་ཡིག་བརྒྱ་བསླབ་ཆོག སྤྱིར་བཏང་ཁ་པར་ནང་ལ་པར་མི་དགོས་བརྫས་ན་ཁྱེད་ཆ་ཁ་གཏན་ནས་དོ་རྒྱུ་ཞིག་མ་རེད། ད་གནངས་ཉིན་ཁ་པར་ཡོད་ན་ཁ་པར། སྒྲ་ཕབ་ཡོད་ན་སྒྲ་ཕབ་ཁྱེར་ཤོག་དང་། ངས་ཀྱང་ཡིག་བརྒྱ་ཚར་མང་པོ་འདོན།  སྤྱིར་བཏང་ང་འདོན་པ་སྡུག་ལེ་རེད། དག་མོ་ངོ་མ་ཞིག་འདོན་ཤེས་ལེ་མ་རེད་དེ། སྒྲ་ལོག་ངོ་མ་རེད་མེད་པ་ཙམ་ཞིག་ངས་ཀྱང་འདོན་ཤེས། དེའི་གནས་སྐབས་སུ་ཁྱེད་ཅག་གིས་སྒྲ་དཔོར། དཔར་ནས་ཕར་ཁུར་ཏེ་སྒེར་གྱིས་སྦྱོངས། བཟའ་ཚང་གང་པོས་སྦྱོངས། མདོར་ན་ཐམས་ཅད་པོས་ཤེས་ཤག་ཤག་ཅིག་སྦྱོང་དགོས། དེ་མི་ཐུབ་འདུག་རྒྱུ་ཞིག་མི་འགི

 

ཞེས་པ་ནི་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་སྐབས་གཉིས་པའི་བསྙུང་གནས་ཆོས་འཚོགས་ཆེན་མོར་ ྋབླ་མ་རིན་པོ་ཆེ་ཤེས་རབ་བཟང་པོ་མཆོག་གིས་གསུངས་པའི་བཀའ་སློབ་ལས་བཏུས་པའོ། །

 

དབེན་གནས་བཀྲ་ཤིས་ཁྲི་གླིང་གི་བོད་ཡིག་ཚོགས་ཆུང་ནས།

 

  点击报名“金刚萨埵百字明净障千亿共修”。

  

གནམ་གང་ཉིན་བདུད་རྩི་ལྟ་བུའི་གསུང་འདི་ཁྱེད་ལ་འབུལ།

2017-10-19

 

 

སྨོན་ལམ།

 

  འདི་ན་བཀྲ་ཤིས་ཁྲི་གླིང་གི་གྲྭ་པ་རྣམས་ཀྱིས་ལོ་གཅིག་ལ་ཐོས་པ་དང་བསམ་པ། སྒོམ་པ་བྱས་པའི་འབྲས་རྟགས་སུ་དེ་རིང་མཁན་པོ་རྣམ་པས་ཨང་རབ་འབྲིང་ཐ་གསུམ་ལ་དཔའ་དར་གནང་རྒྱུ་རེད། དཔའ་དར་གནང་བའི་སྐབས་སུ་ཐམས་ཅད་ཀྱིས་རང་དགར་ལྟད་མོ་ཙམ་གྱི་འདུ་ཤེས་མི་འཛིན་པར། ཁྱེད་ཅག་གྲྭ་པ་བླ་མ་རྣམས་ཀྱིས། ད་རེས་དཔའ་དར་ཐོབ་ཡོད་ན་མུ་མཐུད་དུ་བརྩོན་འགྲུས་ལྷུར་ལེན་བྱེད་པའི་ཆོད་སེམས་འཆང་རྒྱུ་ལས་འདི་ལ་བརྟེན་ནས་ང་རྒྱལ་དང་ཁེངས་དྲེགས་མ་བྱེད། དཔའ་དར་ཐོབ་མེད་ན་ཁྱེད་ཅག་གིས་སྙིང་སྟོབས་མ་ཞུམ་པར་རྗེས་མ་རང་གིས་ཀྱང་ཐོས་བསམ་གྱི་གྲུབ་འབྲས་འདི་དང་འདི་ལྟ་བུའམ་འདི་ལས་ལྷག་པར་ལེན་དགོས་སྙམ་པའི་སྙིང་སྟོབས་བསྐྱེད་དགོས། དེ་ནས་རྒད་པོ་རྒན་མོ་ཁྱེད་ཅག་གིས་ནི། ལུས་རྟེན་འདིར་བསམ་བློ་བཏང་བ་ཡིན་ན། གཅིག་ན་འདི་དང་འདི་ལྟར་གྲྭ་པ་བླ་མ་བྱེད་པའི་བསྐལ་པ་དང་ལྡན་མ་སོང་། གཉིས་སུ་དེའི་སྟེང་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་སྐལ་བ་ཡང་རྒྱ་ཆེན་པོ་ལྡན་མ་སོང་ཡང་། སྐྱེ་བ་རྗེས་མའི་གནས་སྐབས་སུ། རང་གིས་ཀྱང་གཞི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་། ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་ལ་ཐོས་བསམ། འབྲས་བུ་གཞན་དོན་མུ་མཐའ་མེད་པ་བྱེད་པའི་སྨོན་ལམ་འདེབས་དགོས་པ་རེད།

 

ཐུགས་ཁུར།

 

  ད་ལོའི་རྒྱུགས་ཀྱི་མཛད་སྒོ་སྤེལ་ཚུལ་ལ་བསམ་བློ་བཏང་བ་ཡིན་ན་བསྡུས་པ་ངོ་མ་རེད་དེ། མ་འོངས་པའི་གནས་སྐབས་སུ་འདི་ལས་རྒྱས་དང་འདི་ལས་ངོ་མཚར་ཆེ་བ་ཡོང་ངེས་པ་ཅན་རེད། ཡོང་བའི་རྒྱུ་མཚན་ཡང་། གཅིག་ནས་ནང་གི་གྲྭ་བཙུན་ཆ་ཁའི་བསམ་བློ་དང་ཤེས་རིག་གང་ཐད་ནས་གོང་འཕེལ་འགྲོ་ངེས་རེད། དེ་ནས་མཛད་སྒོར་ཞུགས་པའི་དགེ་བའི་བཤེས་གཉེན་ལ་བསམ་བློ་བཏང་ན་ད་ལོ་ནི་ལས་ཀ་མང་བའི་སྟབས་ཀྱིས་བཀྲ་ཤིས་ཁྲི་གླིང་ལ་བཞུགས་པའི་མཁན་པོ་ཆ་ཁ་ཡང་བྱོན་ཐུབ་མི་འདུག  རྗེས་མའི་གནས་སྐབས་སུ་བསམ་བློ་བཏང་ན་ནི། ད་ལོ་ང་རང་ཁྲིན་ཏུའུ་ནས་ཡར་ཡོང་ནས་ད་བར་དུ། བླ་རུང་ཆོས་སྡེ་ཆེན་པོ་ནས་མཁན་པོ་ལས་འགན་པ་དང་འཛིན་གྲྭའི་མཁན་པོ་མང་པོ་ང་སར་བྱོན་བྱུང་། ཁོང་རྣམ་པས་ཅི་གསུངས་དི་ཟེར་ན། ད་ཕྱིན་ཆད་རྒྱུགས་སྤྲོད་པའི་སྐབས་ཡིན་ནའང་འདྲ། ཁྲིམས་སྒྲིག་ལམ་གྱི་ཐད་ནས་ཡིན་ནའང་འདྲ། བསླབ་པ་སློབ་གཉེར་གྱི་ཐད་ནས་ཡིན་ནའང་འདྲ། ཅི་ཅི་ཅིའི་ཐད་ནས་ཁོང་རྣམ་པ་བཀྲ་ཤིས་ཁྲི་གླིང་འདིར་དངོས་སུ་བྱོན་ནས་ངེད་ཅག་ལ་རོགས་གང་དགོས་བྱེད་རྒྱུ་ཡིན། ཁྱོས་འདི་ན་སེམས་ཁུར་ཞིག་བྱེད་མི་དགོས་དང་ཕྱིན་ཆད་ཁོང་ཆ་ཁས་འདིའི་ཕྱི་ནང་གསང་གསུམ་གྱི་བསྟན་པ་ལ་འགན་ཁུར་ཡོང་ཞེས་ལན་མ་མང་པོ་གསུངས་བྱུང་། དེ་ཡང་ཁོང་རྣམ་པ་ཉི་མ་གཅིག་གཉིས་ཙམ་མ་ཡིན་པར་ཉི་མ་བཅུ་ཁ་དང་ཟླ་བ་རེ་གཉིས་མདོར་ན་ཅི་ཁོམ་གང་ཁོམ་བྱེད་ངེས་རེད། ཡང་སྒོས་ཁྱད་པར་ཅན་རྒྱུགས་སྤྲོད་རྟགས་མ་སྦྱིན་པའི་དེ་རིང་གི་དུས་ཚོད་འདི་ལ་ནི། སློབ་སྟོན་གྱི་དབུ་འཛིན་རྣམས་གཙོར་བྱས་ནས་མཁན་པོ་གཅིག་གཉིས་ཙམ་མ་ཡིན་པར་སྒར་གྱི་མཁན་པོ་མང་པོ་བྱོན་ནས་ང་ཚོ་ལ་གཟེངས་རྟགས་གནང་ངེས་པ་ཅན་རེད།

 

 

ཆོས་ཁྲིད།

 

  ང་ཡང་བཀྲ་ཤིས་ཁྲི་གླིང་འདི་ན་མཁན་པོ་ཞིིག་གི་མིང་བཟུང་ནས་བསྡད་ཡོད་རེད། དེ་ཡིན་དུས་ངོ་མ་བཤད་ན་ངས་ཀྱང་ཁོང་མཁན་པོ་རྣམ་པས་འགན་ཁུར་བ་ལྟར་འཛིན་གྲྭའི་འགན་ཁུར་དགོས་རྒྱུ་ཞིག་ཏུ་སོང་ཡོད་ནའང་། གཅིག་ན་ཆོས་སྡེ་འདི་ཐོག་མ་མགོ་བཙུགས་ཚུར་བཟུང་ལས་ཀ་ཤིན་ཏུ་མང་པོ་རེད། དེ་མཚུངས་སུ་བླ་རུང་ཆོས་སྡེ་ཆེན་པོ་ནའང་ང་ལ་འགན་ཁུར་ཞིག་ཡོད་རེད། དེ་ནས་ང་རང་ལ་ཡང་བྱ་བ་གཞན་དང་གཞན་རེད། དེའི་རྗེས་སུ་ནད་ཆེན་པོ་ན་ཚུལ་ལ་བསམ་བློ་བཏང་བ་ཡིན་ན་ཁ་རྩང་སྔོན་མ་རྒྱས་པ་བཤད་ཚར། ཨ་བཤད་ཡང་བཤད་འབའ་ཞིག་བྱས་ན་ཉན་ཚོད་མེད་བྱེད་རེད། དེ་ལ་སོགས་པའི་རྒྱུ་མཚན་གྱིས་དེ་སྔོན་ངས་ཆོས་ཁྲིད་རྒྱ་ཆེན་པོ་ཞིག་བཤད་རྒྱུ་མ་སོང་བ་རེད། ཡིན་ནའང་། ད་ཕྱིན་ཆད་ལ་བསམ་བློ་བཏང་བ་ཡིན་ན། ན་མ་བསྡད་ན། ང་ཡང་འདིའི་ནང་དུ་ཞུགས་ནས་ཆོས་ཁྲིད་རྒྱུན་ཆད་མེད་པ་བཤད་ཐུབ་རྒྱུ་ལ་རེ་འདོད་བསམ་གྱིས་མི་ཁྱབ་པ་ཡོད། ད་ལྟ་ད་རུང་ཡང་ནད་འདི་དྲག་ཡགས་ཤིག་མ་རེད། ཁ་རྩང་བསྙུང་གནས་ཀྱི་སྐབས་སུ་གྲྭ་པ་ཁ་ཤས་དང་མི་སྐྱ་ཕོ་མོ་ཁ་ཤས་ལ་ཆོས་འབྲེལ་མདོར་བསྡུས་ཤིག་བཤད་པ་ཡིན། ནུབ་མོ་ཡང་མ་བདེ་བདེ་ཞིག་རེད། རེད་དེ་ད་ནི་ལྷ་བླ་མའི་མོ་དང་ལུང་བསྟན་ལ་བལྟས་ན་འདྲ། ང་རང་གི་ཁམས་ཇེ་བདེ་ཡོང་ལུགས་ལ་བལྟས་ན་འདྲ། ནད་འདི་ཇེ་དྲག་ཇེ་དྲག་རེད་ཡོང་རྒྱུ་རེད། དེའི་སྐབས་སུ་ནི་ང་ཡང་རྒྱུན་དུ་ཆོས་ཁྲིད་བཤད་རྒྱུ་ལ་ཞུགས་ནས་ཆེ་ཤེས་ཆུང་ཤེས་བོ་བཤད་རྒྱུ་ཡིན།

 

 

སྤོང་ཀློག

 

  སང་ཕོད་ཙམ་ལ་བཀྲ་ཤིས་ཁྲི་གླིང་གི་རྟེན་བཞེངས་པ་རྣམས་ཀྱང་ཕལ་ཆེར་ལེགས་འགྲུབ་བྱུང་ཚར་རྒྱུ་རེད། དེས་ན་ཕྱོགས་གང་ཐད་ནས་ངེད་ཅག་གི་མཐུན་རྐྱེན་ཕུན་སུམ་ཇེ་ཚོགས་རེད། དེ་དང་མཉམ་དུ་ཕན་ཆོད་གཙོ་བོ་ངེད་ཅག་གིས་ཐོས་བསམ་སྒོམ་གསུམ་རྐྱང་རྐྱང་ལ་འབད་བརྩོན་དགོས་པ་རེད། ཁ་སང་སྔོན་མར་འགའ་རེས་ང་ལ་ཁྱེད་ཚང་ལ་དཔེ་ཆ་བཤད་རྒྱུ་ཡོད་ཨེ་རེད་ཟེར། ངེད་ཚང་འདི་ན་དཔེ་ཆ་བཤད་རྒྱུ་ཡོད། སྤྱིར་བཏང་བཀྲ་ཤིས་ཁྲི་གླིང་འདི་ལ་སྒྲུབ་གྲྭའི་མིང་བཏགས་ཡོད་པ་རེད་དེ། སྒྲུབ་པ་ཉམས་ལེན་བྱེད་པ་ལ་སྔོན་དུ་དཔེ་ཆ་ཅུང་ཙམ་མ་བལྟས་ན་ཉམས་སུ་ཅི་ལེན་འདི་ལེན་རེད། གང་ཉམས་སུ་ལེན་དགོས་ཤེས་ལེ་མ་རེད། ངེད་ཆ་ཁས་སྐབས་སྐབས་སུ་ཡུན་རིང་ལ་ལ་རེར་དཔེ་ཆ་བཤད། དེ་ནས་སྒོམ་རྒྱག སྐབས་སྐབས་སུ་ནི་ཉིན་ལྔ་དྲུག་གི་མཚམས་ནས་དཔེ་ཆ་བཤད། དེ་ནས་སྒོམ་རྒྱག་པ་རེད་བརྫས་པ་ཡིན། དོན་ལའང་དེ་ལྟར་རེད།  ང་རང་གི་བསམ་པ་ལ་སྒྲུབ་གྲྭ་དེ་ལ་ཡུན་རིང་ཐུང་གཉིས་ཕྱེས་ནས། སྒྲུབ་གྲྭ་གོང་མ་དེ་ན་ནིང་སྔོན་མ་ང་རང་མཚམས་ལ་འདུག་སའི་ཁང་པ་ད་ལྟ་མར་ཞིག་འགྲོ་བཞིན་འདུག  དེ་ལ་ཞིག་གསོའི་ཚུལ་དུ་ཡར་ཁ་ཤས་བསྣན་ནས། སང་ཕོད་འདིའི་ནང་གི་ལོ་ཆེ་ཤོས་ཕལ་ཆེར་དེ་དེའི་ནང་དུ་བཞག་ནས་ལོ་གསུམ་ཟླ་གསུམ་གྱི་ཡུན་ལ་མཚམས་ལ་བཞུགས་རྒྱུ་དང་།  དེ་ཆ་ཁ་ལ་གནས་སྐབས་དང་བསྟུན་ནས་མིན་ན་ཉིན་གསུམ་རེའི་མཚམས་དང་མིན་ན་ཉིན་བདུན་རེའི་མཚམས་ནས་མཁན་པོ་རྣམ་པས་ཁྲིད་སྦྱོང་མཛད་རྒྱུ་རེད། འོག་མ་རྣམས་ལ་བསམ་བློ་བཏང་བ་ཡིན་ན་དེ་མ་ཐག་ཏུ་ལོ་གསུམ་ཟླ་གསུམ་ལ་འདུག་དགོས་ཟེར་ན། དེ་སྔོན་ཡན་ཆོད་ལ་དཔེ་ཆ་བལྟས་མ་མྱོང་དུས། ཐོས་པ་མེད་པའི་སྒོམ་པ་དེ། །ལག་རྡུམ་བྲག་ལ་འཛེགས་པ་བཞིན། །གསུངས་པ་ལྟ་བུ་ཡིན་པའི་ཕྱིར་ན། དེ་རྣམ་པར་དཔེ་ཆ་བཤད་ཞོར་སྒོམ་རྒྱག་ཞོར་བྱེད་འཇུག་རྒྱུ་ཡིན། ཁྲིད་དེའང་དལ་འབྱོར་རྙེད་དཀའ་ནས་བཟུང་སྟེ་དངོས་གཞི་རྫོགས་པ་ཆེན་པོའི་བར་གསུང་རྒྱུ་རེད། དངོས་གཞི་ལ་བསམ་བློ་བཏང་ན། བླ་མ་གཞན་རེ་གདན་འདྲེན་ཞུས་ན་མ་གཏོགས། སྤྱིར་བཏང་ངེད་ཀྱི་མཁན་པོ་རྣམ་པས་གསུང་ཐུབ་སི་ཡོད་རྒྱུ་རེད་དེ་ཨི་གསུང་མི་ཤེས། ངས་ནི་དངོས་གཞི་ཞིག་བཤད་མི་ཤེས། ཡིན་ནའང་། འཁོར་འདས་རི་ཤན་ཡན་ཆོད་ཁོང་རྣམ་པས་གསུང་ན་སྨྲོས་ཅི་དགོས། ངས་བཤད་ནའང་བཤད་ཐུབ་རྒྱུ་དེ་འདྲ་སོང་འགི  སང་ཕོད་ཕན་ཆོད་འཆར་གཞི་དེ་ལྟར་ཡོད།

 

ལུང་བསྟན།

 

  ན་ནིང་སྔོན་མ་མཁན་པོ་ཚེ་རིང་དབང་རྒྱལ་གྱིས། གཏེར་སྟོན་ཐུབ་བསྟན་འོད་ཟེར་གྱི་ལུང་བསྟན་གྱི་མཇུག་ཅིག་ན། སྨད་མདོ་ཁམས་ཡིད་ཀྱི་ཐིག་ལེ་ན༔ མགོན་པྲཛྙཱའི་མཚན་ཅན་ཟེར་ས་ཞིག་འགི  དེ་ཕལ་ཆེར་ཁྱོད་ལ་ཟེར་བ་ཡིན་ས་འགི  ཡིན་པའི་རྒྱུ་མཚན་ཡང་། མདོ་སྨད་ཡིད་ལྷུང་ཁོག་འདི་ན། ཤེས་རབ་མིང་ཅན་གྱི་བླ་མ་ཞིག་འབྱོན་ཡོང་རྒྱུ་ཡོད། དེས་སེམས་ཅན་མང་པོ་ཞིག་བདེ་བ་ཅན་ལ་འདྲེན་འགྲོ་གསུངས་འགི  ཕལ་ཆེར་ཁྱོད་ཡིན་ས་འགི་ཟེར། ད་རུང་ཡང་དེ་དང་འབྲེལ་ཏེ་དེའི་མཇུག་ཏུ་བཀྲ་ཤིས་ཁྲི་གླིང་འདི་ཡང་ལུང་གིས་བཟུང་འགི་ཟེར། དེའི་ཕྱིར་ན་ནི་མཁན་པོ་ཚེ་འགྱུར་གྱིས་འདི་ན་ཨོ་རྒྱན་རིན་པོ་ཆེས་བྱིན་གྱིས་བརླབས་པའི་གནས་དང་། ལོ་ཆེན་བཻ་རོ་ཙ་ནས་སྒྲུབ་པའི་གནས། འདིའི་གནས་འདི་ལ་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་དུས་གཅིག་ཏུ་སྒྲུབ་པར་བྱེད་པའི་བྱིན་རླབས་ཚང་གསུངས་རྒྱུ་དེའང་། གཏེར་སྟོན་ཐུབ་བསྟན་འོད་ཟེར་གྱི་གཏེར་ལུང་གི་རྗེས་སུ་འབྲངས་ཏེ་མཁན་པོས་གསུངས་པ་ཡིན་རྒྱུ་རེད་བསམས་འདུག  གཏེར་ལུང་གི་རྗེས་སུ་འབྲངས་ནས་མ་གསུངས་ཀྱང་། མཁན་པོ་ཚེ་འགྱུར་བརྫས་ན་ལོ་བཞི་བཅུ་ཡན་ཆོད་ཚང་མས་ཤེས་རེད། ཁོང་རྫོགས་པའི་སངས་རྒྱས་དངོས་རེད། ཁོང་གིས་གསུངས་པ་ལ་བསླུ་བ་ཡོད་རྒྱུ་མ་རེད། དེ་མིན་ནའང་། རྩྭ་ཤུལ་གཏེར་སྟོན་བསོད་ནམས་རྒྱ་མཚོས་ཙིའུ་དམར་གྱི་བསྐུལ་བའི་ནང་དུ་ཡིད་ལྷུང་ཁོག་འདི་ན་འཇིགས་མེད་རིག་པ་འཛིན་པའི་སྡེ་ཞིག་ཆགས་རྒྱུ་ཡོད་གསུངས་འགི  དེ་༡༩༤༧ལོ་གསུངས་སི། དེའི་ཚུར་བཟུང་འདི་ན་ལ་འཇིགས་མེད་རིག་པ་འཛིན་པའི་སྡེ་ཞིག་ཆགས་མ་མྱོང་སི། འཇིགས་མེད་རིག་པ་འཛིན་པའི་སྡེ་ཟེར་ན། འཇིགས་མེད་ཅེས་པ་སྐྱབས་རྗེ་ཡིད་བཞིན་ནོར་བུའི་མཚན་གྱི་ཐོག་མ་རེད། དེའི་ཆོས་རྒྱུད་འཛིན་པའམ་དེའི་རིག་པ་འཛིན་པའི་སྡེ་ཞིག་ཆགས་ཡོང་གསུངས་དུས། ཕལ་ཆེར་ངེད་ཅག་བཀྲ་ཤིས་ཁྲི་གླིང་འདི་ཉིད་ལུང་དུ་བསྟན་པ་ཡིན་རྒྱུ་རེད་བསམས་དི། ད་སྐབས་བསམ་བློ་བཏང་ན་ཆོས་སྡེ་འདི་ཉིད་ཆུང་ཆུང་ཞིག་ལ་ལྟོས་ན་དགེ་ཚུལ་སློང་སུམ་བརྒྱ་བཞི་བརྒྱ་ཙམ་ཡོད་དུས་ཆེན་པོ་འདྲ་རེད་དེ། ཆེན་པོ་བལྟས་ན་ཆུང་ཆུང་ངོ་མ་རེད། ཡིན་ནའང་། ཕྱི་ནང་གསང་གསུམ་གང་ལ་བསམ་བློ་བཏང་ནའང་ མ་འོངས་པའི་གནས་སྐབས་སུ་འདིའི་ནང་ནས་ཁ་བཤད་ལ་མཁས་པ་ཙམ་མ་ཡིན་པར་དོན་གྱིའང་ས་ལ་གཤེགས་པའི་བྱང་ཆུབ་སེམས་དཔའ་མང་པོ་ཞིག་འབྱོན་ངེས་པ་ཅན་རེད།

 

 

དམིགས་ཡུལ།

 

  ང་ལ་བཀྲ་ཤིས་ཁྲི་གླིང་འདི་ཆོས་སྡེ་ཆེན་པོ་ཞིག་རེད་ཨེ་འགྲོ་བསམ་རྒྱུའི་དམིགས་ཡུལ་མེད་ཀྱང་། ཆོས་སྡེ་རྣམ་པར་དག་པ་ཞིག་རེད་འགྲོ་རྒྱུའི་རེ་སྨོན་རྒྱ་ཆེན་པོ་ཡོད།  ཕྱི་ནས་བལྟས་ན་འདྲ། ནང་ནས་བལྟས་ན་འདྲ། མདོར་ན་ཆོས་སྡེ་འདི་རྣམ་པ་དག་པར་ཞིག་རེད་ཨེ་ཐུབ་བསམ་རྒྱུའི་བསམ་པ་ཐོག་མཐའ་བར་གསུམ་དུ་ང་ལ་ཡོད་ལེ་ཡིན། ད་ལྟ་དང་མ་འོངས་པའི་དུས་ནམ་ཡིན་ཡང་། བཀྲ་ཤིས་ཁྲི་གླིང་འདི་ན་སྡོམ་པ་དང་དམ་ཚིག་མ་དག་པའི་འཁོར་སློབ་བརྒྱ་སྟོང་ཁྲི་འབུམ་ཡོད་པ་ལས་ནི། དག་མ་བཅུ་ཐམ་པ་ལས་མེད་ཀྱང་ཁ་མིན་ཞེ། ཞེ་མིན་གཏིང་གིས་དེས་དགའ་ཟེར་ནས་ཡང་ནས་ཡང་དུ་བཤད་རྒྱུ་དེ་ཁྱེད་ཆ་ཁས་སེམས་ལ་གཞག་ཡགས་གྱིས། མང་པོ་བཤད་ན་ཡིད་ལ་འདུག་མི་འདུག་ཡོད་རྒྱུ་རེད་དེ། དེ་ཤིན་ཏུ་ནས་ཀྱང་གལ་ཆེ་བའི་ཚིག་ཡིན།

 

སྒྲིག་ཁྲིམས།

 

  སྐྱབས་རྗེ་ཡིད་བཞིན་ནོར་བུས་༡༩༨༠ཐམ་པའི་ལོ་ལ་ཐོག་མ་བླ་རུང་ཆོས་སྡེ་ཆེན་མོ་བཏབ་པའི་གནས་སྐབས་སུ། རྩ་བའི་སྒྲིག་ཁྲིམས་ཐུགས་མཐུན་རྒྱུ་དང་ཁྲིམས་གཙང་རྒྱུ་དེ་གཉིས་རེད། དེའི་སྟེང་དུ་སྤོང་བ་བསམ་གཏན་དང་ཀློག་པ་ཐོས་བསམ་ལ་བརྩོན་རྒྱུ་དེ་རེད། ཀློག་པ་ཐོས་བསམ་ཡང་འདི་ན་བྱེད་དང་བྱེད་བཞིན་པ་རེད། སྤོང་བ་བསམ་གཏན་ལ་བསམ་བློ་བཏང་ན་ཐུང་ཐུང་གིས་ཐུང་། རིང་རིང་གིས་རིང་། སང་ཕོད་ཕན་ཆད་ལོ་གསུམ་ཟླ་གསུམ་གྱི་སྒྲུབ་པ་ལ་ཞུགས་རྒྱུ་རེད། དེ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད། ཁྱེད་ཆ་ཁ་འདི་ན་ཡོང་ནས་མིན་ན་སྤང་བ་བསམ་གཏན་དང་མིན་ན་ཀློག་པ་ཐོས་བསམ་གང་རུང་ཞིག་ལ་བརྩོན་དགོས་པ་རེད་མ་གཏོགས་མ་བརྩོན་ན་དོན་མེད་རེད། དེའི་ཕྱིར་ན་ཐམས་ཅད་ཀྱིས་དེ་སྔོན་ཡན་ཆོད་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་རེད་ལ། ད་ཕྱིན་ཆད་དེ་ལས་ཀྱང་སྙིང་སྟོབས་བརྒྱ་འགྱུར་གྱིས་བརྩོན་དགོས་རེད། བརྒྱ་ལ་གལ་སྲིད་ཐོས་བསམ་སྒོམ་གསུམ་གཏན་ནས་མ་ཐུབ་ན་ནི། རང་རང་སོ་སོས་ས་ལ་བུད་སོང་ན་མ་འགྲོ་ཟེར་རྒྱུ་གཏན་ནས་མེད། ད་སྐབས་འདི་ན་ཡོད་ཚད་པོ་རང་མོས་ཀྱི་ཚུལ་དུ་ཡོང་བ་མ་གཏོགས། རྒན་གཞོན་སུ་གཅིག་ལའང་ངས་འདི་ན་ཤོག་ཟེར་མ་མྱོང་། མཁན་པོ་ཆ་ཁས་ཀྱང་ཟེར་མྱོང་མ་རེད། དགེ་བསྐོས་ཆ་ཁས་ཀྱང་ཟེར་ལེ་མ་རེད། འདི་ན་ཡོང་ཚར་ནས་བཟུང་སྟེ་ཁྲིམས་སྒྲིག་ལམ་མ་བསྲུང་ན། ཁྱོད་རང་རང་བསམ་བཏང་ནས་རང་གནས་སུ་བྱོན་འགྲོ་རོགས། བརྒྱ་ལ་རང་བསམ་གཏོང་མ་ཡོང་ནའང་ངེད་ཅག་གིས་ཁྱོད་བྱོན་འགྲོ་རོགས་ཟེར་ངེས་པ་རེད། ཡིན་ནའང་། སྒྲིག་ཁྲིམས་དང་ཡང་ལྡན། ཁྱོད་ལ་ཡང་འདི་ན་འདུག་འདུན་ཡོད་བཞིན་དུ། རང་དགར་ངེད་ཅག་གིས་ཁྱོད་ལ་སོང་ཟེར་རྒྱུ་མ་རེད། བླ་རུང་ཆོས་ཀྱི་གྲོང་ཁྱེར་ལ་བསམ་བློ་བཏང་ན། གྲྭ་པ་ཁྲི་ཕྲག་བརྒལ་བ་ཡོད་རེད་དེ། དེ་ཐམས་ཅད་ཀྱང་རང་མོས་ཀྱི་སྒོ་ནས་ཡོང་བ་ཤ་སྟག་རེད། ཁྱོད་སྡོམ་དམ་ཚིག་མ་དག་ན། གོང་གི་བླ་མ་མན་ཆོད་འོག་གི་དགེ་བསྐོས་ཡན་ཆོད་ཀྱིས་ཁྱོད་རང་འདུག་མ་ཡོང་ཟེར་རྒྱུ་རེད་མ་གཏོགས། ཁྱོད་ལ་སྡོམ་པ་དང་དམ་ཚིག་ལྡན། སྤོང་ཀློག་གི་ལས་ལ་བརྩོན་བཞིན་དུ་སོང་ཟེར་མཁན་ཞིག་ངེད་ཅག་བླ་རུང་ཆོས་སྡེ་ཆེན་པོ་ལ་ཡོད་མྱོང་མ་རེད་ལ། འུ་ཅག་གི་བསྟན་པའི་བདག་པོ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་རིང་ལ་འང་དེ་འདྲ་ཞིག་ཡོད་མྱོང་མ་རེད། དེའི་ཕྱིར་ན་བཀྲ་ཤིས་ཁྲི་གླིང་འདི་ནའང་དེ་ལྟར་རེད།

 

ཅེས་པ་འདི་དག་མེ་བྱ་སྟོན་ཟླ་འབྲིང་པོའི་ཡར་ཚེས་གསུམ་ཉིན་རྒྱུགས་སྤྲད་དཔའ་དར་གནང་སྐབས་ྋ བླ་མ་རིན་པོ་ཆེ་ཤེས་རབ་བཟང་པོ་མཆོག་གིས་འདུས་སྤྱི་ལ་བསྩལ་པའི་བཀའ་སློབ་ལས་ཁོལ་ཏུ་ཕྱུང་སྟེ་སྤེལ་བའོ། །

 

  དབེན་གནས་བཀྲ་ཤིས་ཁྲི་གླིང་གི་བོད་ཡིག་ཚོགས་ཆུང་ནས།

  

上一页
1 2 3 4 5 ...127

回到
顶部